སྟག་རི་གཉན་གཟིགས།
༤༥༽ དེ་ལ་མི་ཚོས། མི་བཟང་ནི་རྟ་བཟང་ཞིག ཉིན་རེ་བཞིན་ཕག་ཚལ་ནགས་ན་ཡིབ། མཚན་རེ་བཞིན་ཕྱིང་བ་སྟག་རྩེར་འགྲོ། དགྲ་འམ་གྲོགས་གང་ཡིན་ཆ་མ་འཚལ། ཞེས་གླུ་གཞས་བླངས་པ་རེད།
༤༦༽ དེ་ནས་ནགས་སེང་གིས་སྟག་རི་གཉན་གཟིགས་ལ་གསང་ལན་བསྐྱེལ་བ་ན། བཙན་པོས། ངའི་སྲིང་མོ་ཞིག་ཟིང་པོ་རྗེའི་ཁབ་ན་ཡོད་མོད། འོན་ཀྱང་ཁྱེད་ཚོའི་བདེན་པའི་རྒྱབ་རྩར་ང་ལངས་ཆོག་ཅེས་ཞལ་བཞེས་གནང༌།
༤༧༽ གྲ་སྒྲིག་ཡོངས་རྫོགས་ཚགས་ཚུད་བྱུང་བའི་སྐབས་དེར། བཙན་པོ་སྟག་རི་གཉན་གཟིགས་གློ་བུར་དུ་སྐུ་གཤེགས་པས། ཁོང་ཚོས་ཟིང་པོ་རྗེ་ལ་ངོ་ལོག་བྱེད་པའི་འཆར་གཞི་དེ་ཕྱིར་འགྱངས་མི་བྱ་ཐབས་མེད་ཆགས།
༤༨༽ མི་རིང་བར་རྒྱལ་སྲས་ཁྲི་སློན་བཙན་(གནམ་རི་སྲོང་བཙན་)རྒྱལ་ཁྲིར་མངའ་གསོལ་ཞིང༌། ཡབ་ཀྱི་དགོངས་བཞེད་ཇི་བཞིན་རྒྱལ་སྲིད་སྐྱོང་བའི་དམ་བཅས།
༤༩༽ བོད་ཀྱི་བཙན་པོ་སོ་གསུམ་པ་ཁྲི་སློན་བཙན་(གནམ་རི་སྲོང་བཙན་) སྐབས། བོད་ཡུལ་འདི་རྒྱལ་ཕྲན་སིལ་མ་མང་པོར་ཁ་ཐོར་དུ་གནས་ཤིང༌། རྒྱལ་ཕྲན་ཚང་མ་གཅིག་འོག་གཅིག་ལ་མ་འདུས་པར་འཁྲུག་རྩོད་རྒྱུན་དུ་བྱུང༌།